Bhutan news
ཕུན་ཚོགས་གླིང་ལུ་ ཁང་གླར་སྡོད་མི་ཅིག་ལུ་ གནོདཔ་བཀལ་ཡོདཔ།
༉ ཕུན་ཚོགས་གླིང་ལུ་ སྐྱེས་ལོ་༣༠ ལང་མི་ དེད་གཡོགཔ་ཅིག་ སྤྱི་ཟླ་༢ པའི་ཚེས་༨ ཀྱི་ཕྱི་རུ་ ཁོ་སྡོད་སའི་ ཁྱིམ་གྱི་ཇོ་བདག་གི་ མནའམ་དེ་གིས་ གནོདཔ་བཀལ་ཡོད་པའི་ ཁ་ཉེས་བཀལ་ནུག།
བྱུང་རྐྱེན་དེ་ཡང་ ཨམ་སྲུ་དེ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༤,༠༠༠ བསྡུ་ལེན་འབད་བར་འོངམ་ད་ བྱུང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ འགྲུལ་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ད་ ཁོ་རའི་གནས་ཚང་དང་གཅིག་ཁར་ ཁྱིམ་ནང་ཡོད་མི་ དེད་གཡོགཔ་གིས་ སླབ་མིའི་ནང་ ཁོ་གིས་ ཨམ་སྲུ་དེ་ལུ་ གནས་སྟངས་ལེགས་ཤོམ་འགྱོ་བའི་སྐབས་ ཟླཝ་༢ ཀྱི་ཁང་གླ་ སྟབས་གཅིག་ཁར་ སྤྲོད་གེ་ཟེར་ ཞུ་བ་འབད་མི་དེ་ཡང་ ཁོ་ལུ་ ཏི་རུ་མེད་མི་ལུ་བརྟེན་མེན་པར་ འགྲོ་འགྲུལ་བཀག་དམ་དེ་ ན་ཧིང་བཟུམ་སྦེ་ ཡུན་རིངམོ་སྦེ་ ལུས་པ་ཅིན་ཟེར་ ཚ་གྱང་ལང་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ སྒྲིང་ཁྱིམ་གྱི་ ཇོ་བདག་གི་ མནའམ་དེ་གིས་ ཚིག་རྩུབ་སླབ་སྟེ་ ཁོ་གི་ལྟག་ལྐོག་གུ་ གནོདཔ་བཀལ་མི་ལུ་བརྟེན་ ཁོ་གིས་ མོ་འཕུལ་བཏང་དགོཔ་ བྱུང་ཡི་ཟེར་ དེད་གཡོགཔ་གིས་ བཤདཔ་ཨིན་པས།
དེམ་ཅིག་གི་བར་ན་ ཨམ་སྲུ་དེ་གི་ རྨགཔ་དེ་ཡང་ ཁོང་༢ བྱེལཝ་ལང་སར་ ལྷོད་ཡོད་རུང་ ཨམ་སྲུ་དེ་ བར་བཀག་འབད་མ་ཚུགསཔ་ལས་ ད་རུང་ ཁོ་ལུ་ གནོདཔ་བཀལ་བར་འོང་ཡི་ཟེར་ ཁ་ཉེས་བཀལཝ་མ་ཚད་ ཁོ་ར་ཡང་ ཙིགཔ་ཟ་བའི་ཤུགས་ཀྱིས་ མོ་གི་རྒྱབ་ཁར་ ལྡན་ལྕག་དྲངས་བྱིན་ཡི་ཟེར་ ཉམས་རྒུདཔ་གིས་ བཤདཔ་ཨིན་པས།
དེད་གཡོགཔ་གིས་འབད་བ་ཅིན་ ཨམ་སྲུ་དེ་གིས་ མོ་རའི་རྨགཔ་ལུ་ ཁོ་ལུ་ བརྡུང་རྫོབ་འབད་དགོཔ་སྦེ་ ཚར་ལེ་ཤ་སླབ་ཡོད་རུང་ རྨགཔ་གིས་ ག་ནི་ཡང་མ་འབད་བར་ སྡོད་ཡོདཔ་ལས་ མོ་གིས་ གནོདཔ་བཀལ་ནིའི་དོན་ལུ་ འཁརཝ་ཅིག་འཐུ་འབག་འོང་ཟེར་ཨིན་པས།
དེ་འབདཝ་ད་ ཁྱིམ་གྱི་ཇོ་བདག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་མནའམ་དེ་ མི་ག་ར་ སྒྲིང་ཁྱིམ་ནང་ན་ སྡོད་ཡོདཔ་ལས་ ཁང་གླ་བསྡུ་བར་ སོང་ནུག་ཟེར་ཨིན་པས།
མོ་གིས་ དེད་གཡོགཔ་དེ་ལས་ ཁང་གླ་བསྡུ་བར་འགྱོཝ་ད་ ཁང་གླར་སྡོད་མི་གཞན་ཚུ་གིས་ ཁང་གླ་སྤྲོད་ཡོད་ཟེར་ སླབ་པའི་སྐབས་ ཕོ་སྐྱེས་དེ་ ཙིག་མུ་ལང་སྟེ་ མོ་ལུ་ ཧད་བཏགས་འཚོལ་བའི་ཤུལ་ལས་ ལྡན་ལྕག་དྲངས་བྱིན་ནུག་ཟེར་ ཁྱིམ་གྱི་ཇོ་བདག་གིས་ བཤདཔ་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་གིས་ ཁོ་རའི་ལྟག་ལྐོག་གུ་ ཀྲེག་རྨ་ཅིག་ཐོན་མིའི་པར་དེ་ ཕུན་ཚོགས་གླིང་ལུ་སྡོད་མི་ ཊེ་ལི་ག་རམ་སྡེ་ཚན་ནང་ བཙུགས་ཐོག་ལས་ ཁོ་ལུ་ གནོདཔ་བཀལ་བའི་ གནས་ཚུལ་དེ་ ཁྱབ་སྤེལ་བཏང་ཡོདཔ་ད་ སྡེ་ཚན་དེ་ནང་ འཐུས་མི་༧,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་ བརྡུང་རྫོབ་ཀྱི་ རྩོད་གཞོ་སྦེ་ ཐོ་བཀོད་འབད་ཡོདཔ་ལས་ ད་ལྟོ་ ཞིཔ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པར་ ཕུན་ཚོགས་གླིང་དེ་ འགྲོ་འགྲུལ་བཀག་དམ་ སྒྲིང་སྒྲི་ཐོག་ཡོད་པའི་ཁར་ ཨམ་སྲུ་དེ་ཡང་ ཨ་ལོ་ཆུང་ཀུ་དང་གཅིག་ཁར་ཡོདཔ་ལས་ ཞིབ་དཔྱད་མཐིལ་ཕྱིན་སྦེ་ འབད་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་བཟུམ་མའི་ ལཱ་ཁག་ཅན་གྱི་ དུས་ཚོད་ནང་ མི་སེར་ཚུ་གིས་ གདོང་ཁར་ཐོན་ཏེ་ གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ མི་ག་འབད་རུང་ དཀའ་ངལ་དང་ བྱ་སྟབས་མ་བདེཝ་རེ་ བྱུང་པ་ཅིན་ ཡོངས་འབྲེལ་གྱི་ གྲོས་གནས་ཚུ་ནང་ བཙུགས་ནི་མེན་པར་ གྲོགས་རམ་དང་ རྒྱབ་སྐྱོར་གྱི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ སྙན་ཞུ་འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
Comments
Post a Comment