༉ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ གོང་འཕེལ་གྱི་ ལས་འགུལ་གཙོ་ཅན་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཁ་ཙ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༧༣༧ འཛིན་གྲོལ་འབད་ནུག། གོང་འཕེལ་གྱི་ ལས་སྣ་ཚུ་ཡང་ འཁོར་ལམ་དང་ ཁྲོམ་སྡེ་གོང་འཕེལ་ དེ་ལས་ སློབ་གྲྭའི་གཞི་རྟེན་མཐུན་རྐྱེན་ཚུ་ཨིནམ་ད་ མ་དངུལ་གྲོགས་རམ་དེ་ལས་ དངུལ་ཀྲམ་ས་ཡ་༣༢༥ སློབ་གྲྭ་ལྟེ་བ་༥༦ ནང་ ཉེ་བར་མཁོ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ སློབ་གྲྭ་ཚུ་གིས་ གཞི་རྟེན་མཐུན་རྐྱེན་ སློབ་ཁང་དང་ སྤྱི་དོན་ཁང་ རྩེད་རིགས་མཐུན་རྐྱེན་ གློག་རིག་ཀམ་པིའུ་ཊར་ དེ་ལས་ གྲོང་གསེབ་ས་གོ་ཚུ་ནང་ ལྷབ་སྦྱང་ལྷན་ཐབས་ལུ་ ནང་ཆས་ཚུ་ བཙུགས་ནི་ཨིན་པས། རྒྱ་གར་གཞུང་གིས་ རྟ་རས་ཐང་འཁོར་ལམ་རྒྱུན་སྐྱོང་དང་ ཉིམ་ཆུ་མཁོ་ལ་-གསང་སྦས་ཁ་རྒྱལ་ཡོངས་གཞུང་ལམ་སེལ་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ བ་འཇོ་-ཁུ་རུ་ཐང་གཞུང་ལམ་བསལ་ཚར་མི་ཡང་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་ནུག། ཟམ་བཟོ་སྐྲུན་དང་ གསརཔ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༢༥ བཞག་སྟེ་ཡོདཔ་ད་ ཟམ་གྱི་ལྗིད་ཚད་ཡར་སེང་འབད་ནི་དང་ འཁོར་ལམ་ཚུ་ ལེགས་ཤོམ་སྦེ་ རྒྱུན་འགྲུལ་འཐབ་བཏུབ་བའི་ ལས་འགུལ་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས། རྒྱ་གར་གཞུང་ཚབ་ལས་ཁང་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བཀྲིས་སྒང་བཀང་ལུང་གི་ཁྲོམ་སྡེ་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་ནིའི་དོན་ལུ་ མ་དངུལ་གྲོགས་རམ་འབད་དེ་ཡོདཔ་བཞིན་དུ་ འཐུང་ཆུ་བཀྲམ་སྤེལ་དང་ ཁྲོམ་སྡེ་ལེགས་བཅོས་ཀྱི་ ལཱ་ཚུ་འབད་ཡི་ཟེར་ཨིན་པས། རྒྱ་འབྲུག་༢ ཀྱི་བར་ན་ ཟུང་ཕྱོགས་གོང་འཕེལ་མཉམ་འབྲེལ་ གལ་ཅན་སྦེ་ བརྩི་འཇོག་ཐོག་ལས་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་གིས་ སླབ་མིའི་ནང་ རྒྱ་གར་གྱིས་ འབྲུག་གི་གོང་འཕེལ་ལུ་ མཉམ་འབྲེལ་འབད་ནིའི་ གོ་སྐབས་ཐོབ་མི་ལས་ དམིགས་བསལ་དུ་ འདས་པའི་ལོ་༢ ནང་ ཀོ་བིཌ་-༡༩ འི་གནས་སྟངས་ནང་ འབྲུག་ལུ་ གོང་འཕེལ་གྱི་ མཉམ་འབྲེལ་འབད་ཚུགས་མི་ལུ་ དཔའ་ཉམས་ཐོབ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ། བཀྲིས་སྒང་བཀང་ལུང་ལུ་ གྲོགས་རམ་མ་དངུལ་ཐོག་ལས་ བཟོ་སྐྲུན་འབད་མི་ འཐུང་ཆུ་ལེགས་བཅོས་ཁང་།

Comments