སྤྱི་ཟླ་ ༢ པའི་ཚེས་ ༢༥ ལུ་ རྒྱ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཨ་ཇིཏ་དོ་ཝཱལ་དང་ རྒྱ་གར་ལུ་ བལྟ་སྐོར་འབད་མི་ རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་ ཝི་ཡི་ ༢ ཀྱི་བར་ན་ ས་མཚམས་ཁག་གི་སྐོར་ལས་ གསུང་གྲོས་གནང་ནུག།
དེ་ཡང་ རྒྱ་གར་དག་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁག་ལུ་ཡོད་མི་ དམག་སྡེའི་དཀའ་ངལ་ཚུ་ བསལ་ཐབས་ལུ་ཨིནམ་ད་ དེ་བསྒང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ དོ་ཝཱལ་གྱིས་ དཀའ་ངལ་དེ་ཚུ་བསལ་ཏེ་ ཟུང་ཕྱོགས་མཐུན་འབྲེལ་ཐོག་ལས་ ཞི་བདེ་འགོ་བཙུགས་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་མཉམ་འབྲེལ་ཐོག་ལས་ དོན་གཅོད་མཐུན་ལམ་དང་ དམག་སྡེའི་གནས་རིམ་ནང་ཡང་ ཞི་བདེ་བག་ཕེབས་ཏོག་ཏོ་སྦེ་ གནས་ཚུགས་པའི་ ཁེ་ཕན་ཡོད་ལུགས་ཚུ་ཡང་བཤད་ནུག།
རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་དེ་ རྒྱ་གར་དྷི་ལི་ལུ་ སྤྱི་ཟླ་ ༣ པའི་ཚེས་ ༢༤ གི་ ཕྱི་རོ་ཁམས་ཅིག་ཁར་ ལྷོད་ཡོདཔ་ད་ དེ་བཟུམ་མའི་ ཆེ་མཐོའི་གནས་རིམ་ནང་ བལྟ་སྐོར་འབད་མི་དེ་ ལོ་ངོ་ ༢ ཀྱི་ཧེ་མར་ ལ་དྭགས་ལུ་ དམག་སྡེའི་བར་ན་ དཀའ་ངལ་ཐོན་ཞིནམ་ལས་ཚུར་ ད་རེས་ འགོ་དང་པ་ཨིན་པས།
ཞལ་འཛོམས་དེ་ནང་ རྒྱ་གར་དང་ རྒྱ་ནག་རྒྱལ་ཁབ་ ༢ ཆ་རའི་ ཁ་ཐུག་ལས་ བློ་མཐུན་གཅིག་འབྲེལ་ཐོག་ལུ་ ས་མཚམས་ཁག་གི་ དམག་སྡེའི་དཀའ་ངལ་ཚུ་ གང་མགྱོགས་ར་ བསལ་ཐབས་འབད་ནི་ལུ་ ཞལ་འཆམ་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
འབྲུག་མི་ཕོ་སྐྱེས་ཅིག་ རྒྱ་གར་ལས་ ཉེན་སྐྱོབ་འབད་ཡོདཔ། ཕུན་ཚོགས་གླིང་ལུ་ བཀའ་ཁྲིམས་འགོ་དཔོན་ཚུ་གིས་ འབྲུག་མི་སྐྱེས་ལོ་༥༥ ལང་མི་ རྡོ་རྗེ་དབང་འདུས་དེ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ རྩིས་ལེན་ཡོདཔ་ཨིན་པས། རྡོ་རྗེ་དབང་འདུས་དེ་ སྐྱེས་ཡུལ་ ལྷུན་རྩེ་མཁོ་མ་ལས་ཨིན་པས། གནས་ཚུལ་གྱི་ འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ རྡོ་རྗེ་དེ་ འབྲུག་ལུ་ ལོག་འོང་མ་ཚུགས་པར་ རྒྱ་གར་གྱི་ས་གནས་ མཱལ་བ་ཛར་དང་ ས་ལུ་ག་ར་ ཀ་ལིམ་སྤོང་ མང་པོ་ དར་ཇེ་གླིང་ཚུ་གི་བར་ན་ སྤྱང་འཁྱམས་ཏེ་ སྡོད་ནུག་ཟེར་ཨིན་པས། སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རྡོ་རྗེ་དབང་འདུས་དེ་ བག་ར་ཀོ་ཏི་-མེསི་ཟེར་མིའི་ སྦོ་ལོགས་ཁར་ མཐོང་ཡོདཔ་བཞིན་དུ་ ཌུ་ཝརསི་ ཨེསི་པེ་རེསི་མེལ་དང་ བྱང་བེང་གཱལ་དང་ སི་ཀིམ་ལས་ སྐྱེ་བོ་ནག་ཚོང་བཀག་སྡོམ་འབད་མི་ གཞུང་མིན་ལས་སྡེ་ཅིག་དང་ ས་གནས་ཀྱི་ གནས་ཚུལ་་ལས་སྡེ་ཅིག་གིས་ འབྲུག་གི་དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལུ་གཏང་ནིའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས། རྡོེ་རྗེ་དེ་ ད་རིས་དྲོ་པའི་ཆུ་ཚོད་༡༠.༥༠ ལུ་ འབྲུག་པའི་ས་ཁོངས་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་ར་ རྒྱལ་ཁབ་ནང་ ལོག་འོང་པའི་ ཟད་འགྲོ་ག་ར་ འབྲུག་གཞུང་གིས་ བཏང་ཡོད་པའི་གནས་ཚུལ།
Comments
Post a Comment