༉ ར་ཤི་ཡ་དང་ ཡུ་ཀེ་རེན་རྒྱལ་ཁབ་གཉིས་ཀྱི་བར་ན་ དམག་འཁྲུག་ལང་མི་དེ་གིས་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ འབྲུག་ལུ་ཡང་ འབྱེམ་ཕོག་ཡོད་པའི་ མངོན་གསལ་བྱུང་ཡི། དེ་ཡང་ འདས་པའི་བདུན་ཕྲག་ནང་ སྣུམ་འཁོར་གྱི་མར་ཁུ་ པེ་ཊཱོལ་དང་ ཌི་ཟིལ་གྱི་ གོང་ཚད་རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་སོང་མི་དེ་གིས་ སྐྱེལ་འདྲེན་འབད་མི་ཚུ་གི་གྲས་ལས་ པདྨ་དགའ་ཚལ་མཁོ་ཐག་པ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ རྡོ་དཀར་སྐྱེལ་འདྲེན་འབད་མི་ ཊཱག་༡༢༠ ལྷགཔ་ཅིག་ལུ་ ཐོ་སྦོམ་སྦེ་ ཕོག་སྟེ་ཡོདཔ་ཨིན་པས། མར་ཁུའི་གོང་ཚད་ ཡར་སེང་འགྱོ་མི་དང་བསྟུན་ ས་གཏེར་ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་འབད་མ་བཏུབ་ལས་ སྤྱི་ཟླ་༣ པའི་ཚེས་༡༩ ལས་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་གིས་ རྡོ་དཀར་སྐྱེལ་འདྲེན་འབད་ནི་ མཚམས་འཇོག་འབད་ནུག། སྐྱེལ་འདྲེན་འབད་མི་ཚུ་གིས་ འདས་པའི་བདུན་ཕྲག་ནང་ ས་གཏེར་ལས་འཛིན་ལུ་ མར་ཁུའི་གོང་ཚད་ ཡར་སེང་སོང་ཡོདཔ་ལས་ ད་ལྟོའི་ སྐྱེལ་འདྲེན་གྱི་གླ་ཆ་ཡང་ བསྐྱར་ཞིབ་འབད་དེ་ ཡར་སེང་འབད་དགོཔ་སྦེ་ ངག་ཐོག་ལུ་ ཞུ་བ་འབད་ཡོདཔ་ད་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ ཌི་ཟིལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༩༨.༨༦ རེ་གནསཔ་ཨིན་པས། སྤྱི་ཟླ་༣ པའི་ཚེས་༡༧ ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ དེད་གཡོགཔ་ཚུ་ལུ་ མར་ཁུའི་གོང་ཚད་དེ་ ཡར་སེང་སོང་ཡོད་རུང་ ལས་འཛིན་གྱི་ ཁ་ཐུག་ལས་ སྐྱེལ་འདྲེན་གྱི་ གླ་ཆ་དེ་ ཡར་སེང་འབད་མི་ཚུགས་ཟེར་ ཡི་གུ་ཅིག་བྱིན་ནུག། ཡི་གུ་དང་འཁྲིལཝ་ད་ མར་ཁུའི་གོང་ཚད་དེ་ ཡར་སེང་འབད་ཡོད་པའི་ གསལ་བསྒྲགས་འབད་ཡོད་རུང་ ས་གཏེར་ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་གླ་ཆ་དེ་ ཡར་སེང་འབད་མི་ཚུགས་ནི་ཨིནམ་ལས་ སྔར་ག་ཨིནམ་སྦེ་ར་ གནས་འོང་ཟེར་ཨིན་པས། དེད་གཡོགཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ མར་ཁུ་བླུག་མ་ཚུགས་པའི་ གདོང་ལེན་འབྱུང་ནི་ཨིནམ་ལས་ ས་གཏེར་ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་མ་འབད་ཚུན་ཚོད་ རྡོ་དཀར་སྐྱེལ་འདྲེན་མི་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིནམ་ད་ ཉིནམ་༡ ནང་ མར་ཁུ་ལི་ཊར་༡༡༠ དེ་ཅིག་ བླུག་དགོ་ཟེར་ཨིན་པས། ཁོང་གིས་འབད་བ་ཅིན་ ཧེ་མ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༠ དེ་ཅིག་ སྡོད་པའི་སྐབས་ མེ་ཊིག་ཊཱན་རེ་ལུ་ གླ་ཆ་དངུལ་ཀྲམ་༥༠༠ ལས་ ཉུངམ་སྦེ་ཡང་ སྐྱེལ་འདྲེན་འབད་ཡོདཔ་བཞིན་དུ་ རྡོ་དཀར་སྐྱེལ་འདྲེན་མཚམས་འཇོག་དེ་ ག་ར་མོས་མཐུན་ཐོག་ འབད་ཡོདཔ་མ་གཏོགས་ ག་གིས་ཡང་ རྒྱུད་སྐུལ་འབད་འབདཝ་མེད་ཟེར་ཨིན་པས། སྐྱེལ་འདྲེན་གྱི་ གན་ཡིག་ནང་ མར་ཁུའི་གོང་ཚད་དང་འཁྲིལ་ སྐྱེལ་འདྲེན་གྱི་ འཐུས་དེ་ཡང་ ཕབ་སེང་འབད་དགོཔ་སྦེ་ཡོད་རུང་ ས་གཏེར་ལས་འཛིན་གྱིས་ གན་ཡིག་གུ་ མི་གནས་པས་ཟེར་ བཀོད་ཡོདཔ་ད་ མར་ཁུའི་གོང་ཚད་ མར་འབབ་འགྱོ་བ་ཅིན་ སྐྱེལ་འདྲེན་གྱི་ གླ་ཆ་དེ་ ཚར་ཅིག་གུ་ མར་ཕབ་འབད་དོ་ཡོད་རུང་ གོང་ཚད་ཡར་སེང་འགྱོ་བ་ཅིན་ འཐུས་ཡར་སེང་འབད་མི་བཏུབ་པས་ཟེར་ དེད་གཡོགཔ་ཚུ་གིས་ བཤདཔ་ཨིན་པས། དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཟླཝ་༡ ནང་ རྡོ་དཀར་ཊཱག་དོས་༡༥ སྐྱེལ་འདྲེན་འབད་ཚུགས་པ་ཅིན་ རྡོ་དཀར་མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༩༦༤ དང་ ག་དེམ་ཅིག་སྦེ་ ཊཱག་དོས་༡༥ སྐྱེལ་འདྲེན་འབད་མ་ཚུགས་པ་ཅིན་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༨༧༤ རྐྱངམ་གཅིག་ ཐོབ་དོ་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཊཱག་ཉམས་བཅོས་འབད་ནི་དང་ མར་ཁུ་བླུག་ནིའི་དོན་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ ད་ལྟོའི་ སྐྱེལ་འདྲེན་གྱི་འཐུས་གུ་ སྐྱེལ་འདྲེན་འབད་བ་ཅིན་ འོང་འབབ་དེ་ཅིག་ བཟོ་མི་ཚུགས་ཨིནམ་ལས་ སྐྱིན་ཚབ་བཏབ་ནི་ལུ་ཡང་ གདོང་ལེན་འབྱུང་འོང་ཟེར་ཨིན་པས། ད་ལྟོ་ ཟླཝ་༡ ནང་ ཊཱག་དོས་༡༥ སྐྱེལ་འདྲེན་འབད་དགོཔ་ཡོད་མི་དེ་ མར་ཕབ་འབད་དགོཔ་བཞིན་དུ་ གླ་ཆ་དེ་ མེ་ཊིག་ཊཱན་རེ་ལུ་ དངུལ་ཀྲམ་༩༦༤ སྦེ་ར་ བཞག་དགོ་པའི་ ཞུ་བ་འབད་རུང་ ཁས་ལེན་འབད་མ་བཏུབ་པའི་ཁར་ ལཱ་འབད་མ་ཚུགས་པ་ཅིན་ ལས་འཛིན་གྱིས་ ཉེན་སྲུང་གསོག་འཇོག་མ་དངུལ་དེ་ བྱིན་ནི་ཨིནམ་ལས་ འཐོན་འགྱོ་དགོཔ་སྦེ་ སླབ་དེས་ཟེར་ དབུགས་འགམ་མི་ དེད་གཡོགཔ་དེ་གིས་ བཤདཔ་ཨིན་པས། དེ་དང་འདྲཝ་སྦེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ དེད་གཡོགཔ་ཚུ་གིས་ ད་རུང་ ས་གཏེར་ལས་འཛིན་ལུ་ བསྐྱར་ཞིབ་འབད་ཐོག་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་འབད་དགོ་པའི་ ཡི་གུ་ཅིག་ བཙུགས་ཡོདཔ་ཨིན་པས། ཡི་གུ་དང་འཁྲིལཝ་ད་ ལས་འཛིན་གྱི་ འཛིན་སྐྱོང་གིས་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་འབད་མ་ཚུགས་པའི་ ཡི་གུ་བྱིན་མི་དང་ ནད་ཡམས་སྐབས་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ དོས་ཚད་ལས་བརྒལ་ འབག་ཡོད་མེད་ ཞིབ་དཔྱད་འབད་མི་ལུ་བརྟེན་ གཏན་འཇགས་རྡོ་དཀར་སྐྱེལ་འདྲེན་འབད་མི་ཚུ་ལུ་ སྣུམ་འཁོར་ཉམས་བཅོས་འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ལས་ གནས་སྟངས་ལེགས་ཤོམ་ མ་འགྱོཝ་ཚུན་ སྐྱེལ་འདྲེན་མཚམས་འཇོག་འབད་ནི་ཟེར་ཨིན་པས། ཡི་གུའི་ནང་ མར་ཁུ་རྐྱངམ་གཅིག་མེན་པར་ ཊཱག་གི་འཁོར་ལོའི་གོང་ཚད་དེ་ དངུལ་ཀྲམ་༣,༠༠༠ དང་ ཅ་ཆས་ཚུ་ བརྒྱ་ཆ་༡༥ དང་༢༠ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ ལས་འཛིན་གྱིས་ གནད་དོན་ཚུ་ལུ་ལྟ་སྟེ་ འཐུས་བསྐྱར་ཞིབ་དང་ ཡར་སེང་འབད་བ་ཅིན་ གཏན་འཇགས་ཀྱི་ རྡོ་དཀར་སྐྱེལ་འདྲེན་འབད་མི་ཚུ་གིས་ སྐྱེལ་འདྲེན་དེ་ འཕྲལ་མགྱོགས་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ བཀོད་ཡོད་པའི་གནས་ཚུལ། མཁོ་ཐག་པ་ལུ་ བསྒུགས་བཞག་མི་ རྡོ་དཀར་སྐྱེལ་འདྲེན་འབད་མི་ཊཱག་ཚུ།

Comments

Popular posts from this blog