སློབ་རིམ་༡༠ པ་དང་༡༢ པའི་ བཀོད་ཚོགས་ཆོས་རྒྱུགས་ཀྱི་ཚེས་གྲངས་ལུ་ བསྒྱུར་བཅོས་མེདཔ། བཀྲིས་བསྟན་འཛིན། ༉ སློབ་རིམ་༡༠ པ་དང་༡༢ པའི་བཀོད་ཚོགས་ཀྱི་ཆོས་རྒྱུགས་དེ་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ ངེས་བརྟན་རྐྱབ་ནིའི་དོན་ལས་ ཐབས་ལམ་ཚུ་ བཏོན་ཚར་ཡོདཔ་ཨིན་པས། དེའི་སྐོར་ལས་ ཁ་ཙ་ ཤེས་རིག་ལྷན་ཁག་གི་ དྲུང་ཆེན་ཀརྨ་ཚེ་རིང་གིས་ རྒྱང་བསྒྲགས་དངོས་མཐོང་ནང་ གསལ་བཀོད་འབད་བའི་སྐབས་ རྫོང་ཁག་གི་ སློབ་གྲྭ་ཁག་དང་ ཁྲོམ་སྡེ་ནང་འཁོད་ཀྱི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གྲོས་བསྟུན་ཚུ་འབད་བའི་ཤུལ་ལས་ ཤེས་རིག་ལྷན་ཁག་གིས་ ཧེ་མ་ལས་ གསལ་བསྒྲགས་འབད་མི་ ཚེས་གྲངས་ནང་ར་ འགོ་འདྲེན་འཐབ་ནི་སྦེ་ བཞག་ཡི་ཟེར་བཤད་ཅི། དྲུང་ཆེན་གྱིས་ བཤད་མིའི་ནང་ འདས་པའི་ཟླཝ་ནང་ འགྲོ་འགྲུལ་བཀག་དམ་འབད་དགོཔ་ཐོནམ་ད་ ཆོས་རྒྱུགས་རྐྱབ་ནི་དེ་ ཕར་འགྱངས་འབད་ཡོད་རུང་ ནད་ཡམས་ཐོན་ཏེ་ར་ སྡོད་དོ་ཡོདཔ་ལས་ བློན་ཆེན་གྱི་བཀའ་བཞིན་དུ་ གྲོས་བསྟུན་ཚུ་འབད་དེ་ ཐབས་ལམ་ཚུ་ལྟཝ་ད་ ཐབས་ལམ་ལེ་ཤ་ཐོབ་ཡོད་རུང་ ཐད་ཀར་དུ་འབད་བ་ཅིན་དྲག་ཟེར་མི་དེ་ མ་ཐོབ་ལས་ ཐབས་ལམ་ཚུ་དབྱེ་བ་དཔྱད་ཞིནམ་ལས་ སྡེ་རིམ་༣ སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས། ཐབས་ལམ་དང་པ་དེ་ ནད་གཞི་གི་གནས་སྟངས་ མར་འབབ་སོང་སྟེ་ འགྲོ་འགྲུལ་ཡངས་ཆག་གཏང་ཚུགས་པ་ཅིན་ ཆོས་ རྒྱུགས་རྐྱབ་ནི་དང་ ཆོས་རྒྱུགས་རྐྱབ་སྡོད་པའི་བར་ན་ སྟབས་མ་བདེཝ་འཐོན་པ་ཅིན་ རྐྱབ་མི་ཚུ་འཕྲོ་མཐུད་རྐྱབ་ནི་དང་ མ་རྐྱབ་མི་ཚུ་གི་དོན་ལུ་ དུས་ཚོད་སོ་སོར་བཏོན་ཏེ་ ཤུལ་ལས་རྐྱབ་ནིའི་ ཐབས་ལམ་ཡང་ བཏོན་ཡི་ཟེར་ཨིན་པས། དེ་ལས་ ནད་གཞི་དེ་ ཨ་རྟག་བ་མངམ་སྦེ་ འཐོན་སོ་པ་ཅིན་ སློབ་རིམ་༡༠ པའི་ ཆོས་རྒྱུགས་མ་རྐྱབ་པར་ ལོ་ཕྱེད་དང་ སློབ་ཁང་གི་སྐུགས་ཚད་ལུ་ གཞི་བཞག་སྟེ་ ཆོས་རྒྱུགས་མེདཔ་སྦེ་བཞག་ནི་ཨིན་རུང་ སློབ་རིམ་༡༢ པ་ཚུ་ཨིན་པ་ཅིན་ སྤྱི་ཟླ་༢ པའི་ཚེས་༢༨ ལས་རྐྱབ་ནི་སྦེ་ ཐབས་ལམ་བཏོན་ཡི་ཟེར་ཨིན་པས། ཨིན་རུང་ ནད་གཞི་གི་གནས་སྟངས་དེ་ གྱུར་འགྱོ་ནི་དེ་གིས་ ཧེ་མའི་ ཐབས་ལམ་ཚུ་ཡང་ དུམ་གྲ་རེ་བསྒྱུར་བཅོས་འབད་ དགོཔ་ཐོན་ཡོདཔ་ལས་ དབྱེ་དཔྱད་འབད་དེ་ ད་རུང་ ལོག་གྲོས་བསྟུན་འབད་དེ་ གསོ་བའི་ལྷན་ཁག་དང་ མི་དབང་མངའ་བདག་རྒྱལ་པོའི་དྲུང་ཆེན་ཡིག་ཚང་ དེ་ལས་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ བསྒྱུར་བཅོས་ཚུ་འབད་དེ་ ཆོས་རྒྱུགས་རྐྱབ་རུང་ རྐྱབ་ཚུགས་ནིའི་ཐབས་ལམ་བཏོན་ཏེ་ཡོད་ཟེར་ བཤད་ཅི། ཐབས་ལམ་གསརཔ་དང་འཁྲིལ་བ་ཅིན་ ཆོས་རྒྱུགས་རྐྱབ་ཚུགས་ནི་ཨིནམ་ལས་ དེ་གི་གནང་བ་ཡང་ ཐོབ་སྟེ་ཡོདཔ་ལས་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ རྐྱབ་ནི་སྦེ་ར་ ཐག་བཅད་དེ་ཡོད་ཟེར་ཨིན་པས། རྒྱལ་པོའི་གཟིམ་དཔོན་དྲུང་ཆེན་ཡིག་ཚང་གི་ ཀརྨ་ཡོན་ཏན་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ ཆུང་གིས་ ཁྲོམ་སྡེ་ནང་ཨིན་པ་ཅིན་ རྒྱ་ཁྱབ་ས་ཁོངས་སྦེ་བཟོ་མི་དེ་གིས་ འདས་པའི་འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ ཕན་ཐོགས་བྱུང་ཡོད་པའི་ཁར་ སྨན་ཁབ་ཀྱི་དོན་ལུ་ཡང་ ལམ་ལུགས་དེ་གི་ཐོག་ལས་ བདུན་ཕྲག་༡ ནང་ལེགས་ཤོམ་སྦེ་ འབད་ཚུགས་ཡོདཔ་ལས་ ཆོས་རྒྱུགས་རྐྱབ་པའི་སྐབས་ལུ་ཡང་ ལམ་ལུགས་དེ་ བསྟར་སྤྱོད་འབད་ཡོདཔ་ལས་ གནས་སྟངས་ཚབས་ཆེན་ ག་ཅི་བཟུམ་ནང་ལྷོད་རུང་ རྐྱབ་ཚུགས་ཟེར་ཨིན་པས། རྒྱ་ཁྱབ་ས་ཁོངས་དེ་ནང་ཡང་ ཉེན་ཁ་ཆེ་བ་དང་ཆུང་བ་སྦེ་ ས་ཁོངས་༢ ལུ་ བགོ་བཤའ་རྐྱབ་སྟེ་ཡོདཔ་ད་ ཆོས་རྒྱུགས་ཀྱི་དོན་ལུ་ཡང་ ཉེན་ཁ་ཆུང་བའི་ནང་ ཐབས་ཤེས་༢ སྦེ་བཟོ་སྟེ་ཡོདཔ་ད་ དེ་ཡང་ ས་ཁོངས་དེ་ ཉེན་ཁ་ཆུང་བའི་ནང་ཨིན་རུང་ ནད་ཡམས་ཀྱི་ཉེན་ཁ་ཡོདཔ་ལས་ ཐབས་ཤེས་དང་པ་དེ་ སློབ་གྲྭ་ག་ར་ རང་སྲུང་ས་ཁོངས་ནང་བཞག་སྟེ་ དེ་ནང་གི་ སློབ་དཔོན་དང་ སློབ་ཕྲུག་ག་ར་ སློབ་གྲྭ་ནང་བཙུགས་ཏེ་ ཕྱི་ཁར་རྩ་ལས་འཐོན་མི་བཅུག་ནི་ཨིན་པས། དེ་བཟུམ་སྦེ་ ཕྱི་ཁའི་མི་ཚུ་ཡང་ སློབ་གྲྭ་ནང་འཛུལ་མ་བཅུག་པར་ སློབ་གྲྭ་ནང་ བཟའ་འཐུང་གི་མཐུན་རྐྱེན་ཚུ་ག་ར་ ཕྱི་ཁར་ ལས་ བསྐྱལ་ནི་ཨིནམ་ལས་ དེ་གིས་ནད་འབུབ་དེ་ སློབ་གྲྭ་ནང་ལྷོད་ནིའི་གོ་སྐབས་ ཉུང་སུ་ལས་མེད་ཟེར་ཨིན་པས། སློབ་གྲྭ་དེ་ཚུའི་ སློབ་ཕྲུག་ཚུ་ ཕྱི་ཁར་སྡོད་མི་ཡོད་པ་ཅིན་ ག་ར་ ནང་སྡོད་སྦེ་བཙུགས་ནི་དང་ སྡོད་སའི་དཀའ་ངལ་འཐོན་པ་ཅིན་ ཕྱི་སྡོད་སློབ་ཕྲུག་ཚུ་གི་དོན་ལུ་ སློབ་ཁང་དང་ གསང་སྤྱོད་ག་ར་ སོ་སོར་བཟོ་སྟེ་ ཆོས་རྒྱུགས་རྐྱབ་པར་འགྱོཝ་ད་ སློབ་གྲྭ་ནང་སྡོད་མི་དང་གཅིག་ཁར་ རྩ་ལས་སླ་བསྲེས་རྐྱབ་མ་ཆོགཔ་སྦེ་ ཨིན་ཟེར་ཨིན་པས། ཁྲོམ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་གི་དོན་ལུ་འབད་བ་ཅིན་ རྒྱ་ཁྱབ་ས་ཁོངས་ལམ་ལུགས་ཐོག་ལས་ ཆོས་རྒྱུགས་རྐྱབ་བཅུག་ནིའི་ འཆར་གཞི་ཡོདཔ་ད་ དེ་ཡང་ དཔེར་ན་ ཐིམ་ཕུག་ དབྱངས་ཅན་ཕུག་གི་སློབ་ཕྲུག་ཅིག་ བྱང་གི་ས་ཁོངས་ནང་ཡོད་པ་ཅིན་ ཆོས་རྒྱུགས་དེ་ བྱང་གི་ས་ཁོངས་ནང་ཡོད་མི་ སློབ་གྲྭ་ནང་ར་ རྐྱབ་ཚུགས་པའི་གོ་སྐབས་བཟོ་སྟེ་ཡོདཔ་ཨིན་པས། ཉེན་ཁ་ཆེ་བའི་ ས་ཁོངས་ཀྱི་སློབ་གྲྭ་ནང་ཡང་ དབྱེ་ཁག་༢ སྦེ་ ཁྲོམ་གྱི་ནང་འཁོད་དང་ ཉེ་འདབས་ལུ་ཡོད་མི་ཚུ་ལུ་ ཉེན་ཁ་ ཆེཝ་ལས་ དེ་ཚུ་གི་དོན་ལུ་ཐབས་ལམ་ཅིག་དང་ ཁྲོམ་ལས་ཐག་རིང་སར་ཡོད་མི་ སློབ་གྲྭ་ཚུ་གི་དོན་ལུ་ ཐབས་ལམ་སོ་སོར་ འགྲིག་ཡོདཔ་ཨིན་པས། དེ་ཡང་ མཐའ་ཟུར་ནང་ཡོད་མི་ སློབ་གྲྭ་ཨིན་པ་ཅིན་ རང་སྲུང་ས་ཁོངས་ཐོག་ལས་ སློབ་ཕྲུག་དང་ ཆོས་རྒྱུགས་ལྟ་རྟོག་འབད་མི་ཚུ་ག་ར་ ནང་ན་སྡོད་བཅུག་སྟེ་ འབད་དགོཔ་སྦེ་ཨིན་པས། སློབ་གྲྭ་དེ་ཚུ་ཡང་ ཉེན་ཁ་ཆེ་བའི་ས་ཁོངས་ནང་འབདཝ་ལས་ ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ ཁྱིམ་ནང་ལས་འོང་མི་ཡོད་པ་ཅིན་ དེ་ཚུ་ཡང་ སློབ་གྲྭ་ནང་ར་ བཞག་དགོཔ་སྦེ་ཨིན་པས། ཁྲོམ་དང་ཚོས་གཞི་དམརཔོ་ནང་ཚུད་མི་ སློབ་གྲྭ་ཚུ་འབད་བ་ཅིན་ གདམ་ཁ་དང་པ་དེ་ དེ་ཁར་ལས་བཏོན་ཏེ་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ གཏང་ནི་དང་ དཔེར་ན་ བ་འཇོ་དང་ སྒོམ་ཀྲུ་གི་སློབ་ཕྲུག་ཚུ་ཡང་ ཉེན་ཁ་ཉུང་བའི་སློབ་གྲྭ་ཚུ་ནང་ བཙུགས་ནིའི་ ཆར་གཞི་འབད་དེ་ཡོད་ཟེར་ཨིན་པས། ཁྲོམ་ཁར་གྱི་ ཉེན་ཁ་ཆེ་བའི་སློབ་གྲྭ་ཨིན་པ་ཅིན་ རང་སྲུང་ས་ཁོངས་ཐོག་བསྟར་སྤྱོད་འབད་ནི་དེ་ཡང་ དམ་དམ་སྦེ་མ་འབད་བ་ ཅིན་ སློབ་གྲྭའི་ཉེ་འདབས་ལས་ཕར་ ནད་འབུབ་ཐོབ་མི་ལེ་ཤ་འོང་སྲིདཔ་ལས་ ནད་འབུབ་དེ་ སློབ་གྲྭ་ལྷོད་ནིའི་ཉེན་ཁ་སྦོམ་ ཡོདཔ་ལས་ སློབ་གྲྭའི་ཉེན་སྲུང་དེ་ཡང་ རྫོང་ཁག་གི་ལས་བྱེད་ཚོགས་ཆུང་གིས་ ལེགས་ཤོམ་སྦེ་བལྟ་སྟེ་ སྟབས་མ་བདེཝ་ ཡོད་པ་ཅིན་ དེ་ཚུ་ཡང་ བསལ་དགོཔ་སྦེ་ཨིན་པས། སློབ་གྲྭ་དེ་ནང་གི་ འཐོན་འཛུལ་ས་ཁོངས་ཀྱི་ སྒོ་གཉིས་ཆ་རའི་ནང་ བདེ་སྲུངཔ་བཙུགས་ཏེ་བཞག་ནི་དང་ དེ་ནང་ཡང་ བཟའ་ འཐུང་ཚུ་ བདེ་སྲུངཔ་ཚུ་གིས་ ཕྱི་ཁར་ལས་བསྐྱལ་ནི་ཨིན་པས། ཐབས་ལམ་དེ་ཚུ་བཏོན་ཏེ་འབད་བ་ཅིན་ གནས་སྟངས་ག་དེམ་ཅིག་ སྐྱོ་དྲགས་ནང་འགྱོ་རུང་ ཆོས་རྒྱུགས་དེ་ ལེགས་ཤོམ་སྦེ་རྐྱབ་ཚུགས་ཟེར་ཨིན་པས། ཤེས་རིག་དྲུང་ཆེན་གྱིས་ ད་ལྟོའི་ ལམ་སྟོན་དེ་ ཧེ་མ་ལས་ཡོད་མི་དེ་ བཅོ་ཁ་རྐྱབ་སྟེ་ཡོདཔ་ལས་ སློབ་གྲྭ་མང་ཤོས་ནང་སྒྲིག་གཞི་དེ་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིནམ་ད་ དུས་ཅི་གི་ལོའི་ ཆོས་རྒྱུགས་དོན་ལུ་ སློབ་རིམ་༡༠ པ་དང་༡༢ པའི་ནང་ བསྡོམས་ཀྱིས་སློབ་ཕྲུག་༢༦,༨༠༡ དེ་ཅིག་ ཡོདཔ་ཨིན་པས། ཐབས་ལམ་གསརཔ་དེ་ སློབ་གྲྭ་༡༥༠ ཡོད་ས་ལས་༡༡༥ གིས་ རང་སྲུང་ས་ཁོངས་ཐོག་ལས་ འབད་ནིའི་དོན་ལུ་ གྲ་སྒྲིག་ འབད་དེ་ཡོད་ཟེར་ དྲུང་ཆེན་གྱིས་བཤད་ཡོདཔ་ད་ གཞན་སློབ་གྲྭ་ཚུ་གིས་ཡང་ རང་སོའི་རྫོང་ཁག་གི་ ཀོ་བིཌ་-༡༩ འི་ལས་ བྱེད་ཚོགས་ཆུང་དང་འཁྲིལ་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས། ཐབས་ཤེས་གསརཔ་གི་སྐོར་ལས་ ཤེས་རིག་འགོ་དཔོན་དང་ དབུ་འཛིན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ལས་ ཁོང་གིས་ཡང་ འཆར་གཞི་ཚུ་ བཟོ་ཚར་ཡོད་པའི་སྐོར་ལས་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས། མི་དབང་མངའ་བདག་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་གི་ ངོ་ཚབ་ཀྱིས་ཡང་ དབུ་འཛིན་ཚུ་གིས་ཡང་ རང་སྲུང་ས་ཁོངས་ནང་ འབད་བ་ཅིན་ དྲག་ནི་མས་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས། འབྲུག་གི་ སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གི་ ཤེས་རབ་རྒྱལ་མཚན་གྱིས་ ཆོས་རྒྱུགས་རྐྱབ་དགོ་མི་དེ་ གཙོ་བོ་ར་ སློབ་རིམ་༡༠ པ་དང་༡༢ པ་མཇུག་བསྡུཝ་ད་ སློབ་ཕྲུག་ཚུ་གིས་ རང་གི་མི་ཚེའི་ནང་ ག་ཅིའི་ཐད་ལས་འབད་རུང་ ལག་ཁྱེར་དགོཔ་ལས་ ཆོས་རྒྱུགས་རྐྱབ་དགོཔ་བྱུང་མི་དེ་ དེ་ལུ་བརྟེན་ཨིན་ཟེར་བཤད་ཅི། ཁོ་གིས་བཤད་མིའི་ནང་ ཆོས་རྒྱུགས་ཀྱི་དོན་ལུ་ ག་རང་གྲ་སྒྲིག་སོང་སྟེ་ཡོད་པའི་ཁར་ ཆོས་རྒྱུགས་ཀྱི་ དྲི་བ་དང་ འབྲི་ཤོག་ཚུ་ཡང་ག་ར་ སློབ་གྲྭ་ཚུ་ནང་བསྐྱལ་ཚར་ཡོད་པའི་ཁར་ སློབ་གྲྭ་ཚུ་ རང་སྲུང་ས་ཁོངས་སྦེ་ བཟོ་མི་ལུ་ཡང་ ཚ་གྱང་ག་ནི་ཡང་མེད་ཟེར་ཨིན་པས། ཁོ་གིས་ དུས་ཅི་ལས་ ཆོས་རྒྱུགས་ལྟ་རྟོག་འབད་མི་དང་ ལྟ་རྟོག་འགོ་དཔོན་ཚུ་ཡང་ རྫོང་ཁག་ནང་འཁོད་ལས་བཙུགས་ ཡོད་པའི་ཁར་ ག་ར་ རང་སྲུང་ས་ཁོངས་ནང་འཛུལ་ནི་ཨིནམ་ལས་ ཆོས་རྒྱུགས་དེ་ གསལ་བསྒྲགས་འབད་མིའི་ ཚེས་གྲངས་ལུ་ར་ རྐྱབ་ནི་ཨིན་ཟེར་བཤད་ཅི། ཁོ་གིས་ཡང་ ཐིམ་ཕུག་གི་ཐད་ཁར་ རང་སྲུང་ས་ཁོངས་ཐོག་ལས་འབད་ནི་དེ་ རྩ་ལས་སྟབས་མ་བདེཝ་ལས་ རྒྱ་ཁྱབ་ས་ཁོངས་ཀྱི་ སློབ་གྲྭ་ཚུ་ནང་ རྐྱབ་བཅུག་ནིའི་ཐབས་ལམ་བཏོན་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

Comments

Popular posts from this blog